[085B] །རྒྱ་གར་སྐད་དུ། ནཱ་མ་སཾ་གའི་ཏི་སཱ་དྷ་ནཱཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པ་སྒྲུབ་པའི་ཐབས། །ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་སྔར་ལངས་ཏེ། ཁ་ལ་སོགས་པ་དག་པར་བྱས་ལ། བསམ་གཏན་གྱི་ཁང་པར་རབ་ ཏུ་ཞུགས་ཏེ། བདེ་བའི་སྟན་ལ་ཉེ་བར་གནས་ནས། སྙིང་གར་པདྨ་དང་ཟླ་བ་ལ་དམར་ཞིང་དཀར་པའི་མུཾ་བསྒོམ་པར་བྱའོ། །དེ་ནས་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཀུག་པའི་བཅོམ་ལྡན་འདས་འོད་འབྱུང་བའི་མདོག་དང་ཞལ་དང་ཕྱག་མཚན་དང་གདན་དང་ཉེ་བར་ ལྡན་པ་མདུན་དུ་རྣམ་པར་བསྒོམ་སྟེ། ཡིད་ཀྱི་རང་བཞིན་གྱི་མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞིང། །བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་ བྱས་ཏེ། ཨོཾ་ཤཱུནྱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱིས་ཇི་ལྟ་བའི་སྦྱོར་བས། རྡོ་རྗེའི་རབ་དང་རྡོ་རྗེའི་གུར་དང་ ས་འོག་ཀུན་རྡོ་རྗེའི་ས་གཞིར་དམིགས་ལ། རྡོ་རྗེ་ཡང་འོད་ཟེར་དུ་ཀུན་ནས་རྡོ་རྗེའི་ར་བ་ལས་ཕྱི་རོལ་དུ་ཕྱོགས་བཅིང་བ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་བལྟའོ། །དེའི་རྗེས་སུ་རྡོ་རྗེའི་ནང་དུ་ཧྲཱི་དམར་པོ་ཡོངས་སུ་གྱུར་པ་ལས་པདྨའོ། །པདྨའི་སྟེང་དུ་ཨ་ལས་ཟླ་བའི་ དཀྱིལ་འཁོར་རོ། །དེའི་སྟེང་དུ་དམར་ཞིང་དཀར་བའི་མུཾ་ལས་སངས་རྒྱས་མང་པོ་སྤྲོ་བ་དང་བསྡུ་བའི་རྣམ་པར་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་པའི་དབྱངས་དམར་ཞིང་དཀར་བ་པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་དང་པོ་དམར་པོ་ [086A]༄༅། །གཡས་སྔོན་པོ་གཡོན་དཀར་པོ་ཞེས་བྱ་བའི་ཞལ་གསུམ་པ་བསྒོམ་པར་བྱའོ། །ཕྱག་བཞི་ཇི་ལྟ་བའི་སྦྱོར་བས་ཤེས་རབ་ཀྱི་བུ་སྟི་དང། རལ་གྲི་དང། གཞུ་དང། མདའ་དང་ལྡན་པའོ། །རྡོ་རྗེའི་དབུ་རྒྱན་ཅན། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་ པོ་བརྒྱང་ཅུས་རྣམ་པར་མཛེས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པའི་བདག་ཉིད་དུ་བསམས་ལ། སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་དཀར་པོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡོན་པ་དྲིལ་བུ་དཀུ་ལ་བརྟེན་ཅིང་འཆང་བ། གཡས་ན་རང་གི་ སྙིང་གར་འདེགས་པར་བྱེད་པའི་སྦྱོར་བས་རྡོ་རྗེ་འཆང་བའོ། །དེ་བཞིན་དུ་སྨིན་མཚམས་སུ་རིན་ཆེན་རྡོ་རྗེ་སེམས་མ་ཕྱག་གཉིས་ཀྱིས་སྤྱི་བོར་མི་ཏོག་གི་ཕྲེང་བ་བཅིང་ཞིང་གནས་པའོ། །མགྲིན་པར་པདྨ་རྡོ་རྗེ་དམར་ཞིང་དཀར་བ། གཡོན་པ་པདྨའི་སྡོང་བུ་འགྱིང་བག་དང་བཅས་པ་བཟུང་བ་ གཡས་པ་དེའི་འདབ་མཁའ་བྱེད་ཅིང་སྔོན་བཞིན་དུ་ཉེ་བར་གནས་པའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མདོག་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་དང་ལྡན་པའི་ཕྱག་གཉིས་བདག་ཉིད་ཀྱི་སྤྱི་བོར་འཆང་བ་དེ་ཁོ་ན་བཞིན་དུ་ཉེ་བར་གནས་པ་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་ བཛྲ་སྤོ་ཊ་པཾ། ཨོཾ་བྫྲ་ཨཱ་བི་ཤ་ཧོཿ། ཞེས་བྱ་བའི་སྔགས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་གོ་རིམས་ཇི་ལྟ་བར་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང། གཟུགས་པ་དང། བཅིང་བ་དང། དབང་དུ་བྱའོ། །རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ཏེ་སྡིགས་མཛུབ་དང་མཐེའུ་ཆུང་ལྕགས་སྒྲོག་ཏུ་ བྱས་ཤིང་སྤྲད་པ་བཀན་ཏེ་རང་གི་ཁ་རུ་ཉེ་བར་གཞག་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། ཨརྒྷ་དང། ཞལ་བསིལ་དང། མེ་ཏོག་དང། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ་སྐད་ཅིག་གིས་རང་གི་ལུས་ལ་གཞུག་པར་བྱའོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བསྔོན་དུ་འགྲོ་བས་མི་བསྐྱོད་པའི་བདག་ཉིད་ཀྱི་རྣམ་པས་དབུ་བརྒྱན་པར་བསམས་ལ། ཨོཾ་སརྦ་དྷརྨཱཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷི། བཛྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏེ། མུ་པ་ད་ཡེ་ [086B] སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིབྷ་ག་བཱ་ན་ཛྙཱ་ན་མའུ་རྟི་བཱ་གའི་ཤྭ་ར་མ་ཧཱ་ཝ་ཙ་སརྦ་དྷ་རྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་ག་རྦྷ་ཨཱ། ཞེས་བྱ་བའི་སྔགས་ཀྱིས་དང་པོ་དང་རབ་དང་ཐ་མར་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་རྗེ་བཙུན་གྱི་མཚན་ཡང་ པར་བརྗོད་པ་སྔོན་དུ་འགྲོ་བས་ཉི་མ་རེ་རེ་ཞིང་སོ་སོའི་ཐུན་མཚམས་སུ་ལན་གསུམ་མམ་གཅིག་ཏུ་སྐྱིལ་ཀྲུང་མ་བཤིག་པས་མཉམ་པར་གཞག་པས་བཀླག་པར་བྱའོ། །དེ་ལྟར་ཇི་སྲིད་སྒྲུབ་པའི་མཚན་ན་མ་མཐོང་གི་བར་དུ་བཀླག་པར་བྱའོ། །དེའི་རྗེས་སུ་རྒྱུད་ཇི་ལྟ་བ་བཞིན་དུ་ དངོས་གྲུབ་ཀྱི་ཐབས་ལ་རྗེས་སུ་གནས་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། སློབ་དཔོན་མི་གཡོ་སེང་གེས་མཛད་པ་རྫོགས་སོ།། །།མར་པ་དོ་པས་བསྒྱུར་བའོ།།